ཚེས་བཅུའི་རྣམ་བཤད།
ཚེས་བཅུའི་རྣམ་བཤད། ཞེ་ཆེན་རྒྱལ་ཚབ།
ཨོཾ་སྭསྟི།
གང་མཚན་ནོར་བུའི་ཨུཏྤ་ལ། །
རྣ་བའི་རྒྱན་དུ་དཔྱངས་ཙམ་གྱིས། །
གྲུབ་གཉིས་འདོད་པ་འཇོ་བའི་དཔྱིད། །
མཚོ་སྐྱེས་རྒྱལ་བ་གཉིས་པས་སྐྱོངས། །
འདིར་སྣོན་ཟླའི་སྤྲོས་བཅས་ཚེས་བཅུ་ཆེན་མོའི་ལོ་རྒྱུས་དང་འབྲེལ་བར་སྐབས་སུ་བབས་པའི་གཏམ་གྱི་སྦྱོར་བ་ཅུང་ཟད་ཅིག་ཞུ་ན། སྤྱིར་བདེ་མཆོག་རྩ་རྒྱུད་ལས། རང་འདོད་ལས་ལ་རྣལ་འབྱོར་པས། །
ཆོ་ག་ཇི་བཞིན་སྦྱིན་པར་བྱས། །
མར་གྱི་ངོ་ཡི་ཚེས་བཅུ་དང༌། །
ཟླ་བ་ཡར་ངོར་གང་གྱུར་ལ། །
མྱུར་དུ་འབད་པས་མཆོད་བྱ་སྟེ། །
ཞེས་དང༌།རྣལ་འབྱོར་པ་ཀུན་ཏུ་སྤྱོད་པ་ལས།
དགུན་འབྲིང་ལ་སོགས་ཟླ་བ་ཡི། །
བཅུ་པ་ལ་ནི་རབ་ཏུ་མཆོད། །
ཅེས་དང༌། ཀུན་མཁྱེན་ཆོས་རྗེས།
ཚེས་བཅུ་ཡར་ངོ་མར་ངོའི་ཉིན་དང་མཚན། །
བསྙེན་སྒྲུབ་ཚོགས་མཆོད་བསྐང་བཤགས་འབད་པར་བྱ། །
ཞེས་གསུངས་པར་ལྟར། དུས་དེ་དག་ལ་ཕྱིའི་གནས་ཡུལ་རྣམས་སུ་དཔའ་བོ་མཁའ་འགྲོ་རྣམས་ཚོགས་ཀྱི་འཁོར་ལོ་ལ་འདུས་ཏེ་བདེ་ཆེན་གྱི་ཡེ་ཤེས་བསྐྱེད་པ་དང༌། ནང་དུ་རྣལ་འབྱོར་པ་རྣམས་ཀྱི་རྡོ་རྗེའི་ལུས་ཀྱི་གནས། སྤྱི་བོ་བུལླི་ར་མ་ཎ་དང༌། སྤྱི་གཙུག་ཛ་ལནྡྷ་ར་སོགས་སུ་དྭངས་མའི་རླུང་སེམས་འདུ་བས་ཡེ་ཤེས་སྐྱེད་པའི་དུས་ཁྱད་པར་ཅན་ཏེ། དེ་ཡང་གསང་སྔགས་མ་རྒྱུད་ཀྱི་ཉམས་ལེན་དང་འབྲེལ་བའི་རིགས་ལ་སྡིག་སྒྲིབ་སྦྱང་བར་འདོད་ན་མར་ངོའི་ཚེས་བཅུ་དང༌། ཉམས་རྟོགས་འཕེལ་བར་འདོད་ན་ཡར་ངོའི་ཚེས་བཅུའི་མཆོད་པ་གཙོ་བོར་བཟུང་དགོས་པར་གསུངས་ཤིང༌། དེ་ཡང་མར་ངོའི་མཚན་མོ་དང༌། ཡར་ངོའི་ཉིན་མོ་དངོས་གྲུབ་མྱུར་བའི་དུས་ཆེན་ཁྱད་པར་ཅན་ཡིན་པས། འཕགས་བོད་གསར་སྙིང་གི་རྡོ་རྗེ་འཛིན་པ་ཆེན་པོ་རྣམས་ཀྱིས་ཀྱང་ཡར་མར་གྱི་ཚེས་བཅུའི་དུས་མཆོད་མི་གཅོག་པར་དེ་ལྟར་དུ་ཕྱག་ལེན་དུ་གནང་བ་ཡིན་ཞིང༌། བྱེ་བྲག་ཏུ་རྒྱལ་ཀུན་གསུང་རྡོ་རྗེ་སྣང་བ་མཐའ་ཡས་ཀྱི་སྤྲུལ་པའི་རང་གཟུགས། ངོ་མཚར་བའི་རྣམ་ཐར་ཞིང་ཁམས་རྒྱ་མཚོར་ཡོངས་སུ་གྲགས་པ་ཅན། གནས་རིས་དྲུག་གི་འགྲོ་བ་སྤྱི་དང་ཁྱད་པར་རང་ཅག་གངས་ཅན་པ་རྣམས་ལ་བཀའ་དྲིན་སངས་རྒྱས་ལས་ཀྱང་ལྷག་པའི་ཨོ་རྒྱན་དུས་གསུམ་མཁྱེན་པ་དེ་ཉིད་ཀྱིས། ངོ་མཚར་བའི་མཛད་པ་བསམ་མི་ཁྱབ་པར་བསྟན་པ་རྣམས་དང༌། རྗེས་འཇུག་རྣམས་ལ་ཐུགས་རྗེའི་འཇུག་པས་ལྷག་པར་དགོས་པའི་དུས་ཆེན་ནི། ཡར་མར་གཉིས་ཀྱི་ནང་ནས་ཀྱང་ཡར་ངོའི་ཚེས་བཅུ་འདི་ཉིད་ཡིན་ཏེ། བྱང་གཏེར་ལས།
བོད་ལ་བདེ་སྐྱིད་འབྱུང་འདོད་ན༔
ཡར་ངོའི་ཚེས་བཅུ་ནམ་ཤར་ཚེ༔
ཨོ་རྒྱན་པདྨའི་སྤྲུལ་པ་འབྱུང༔
ཞེས་དང༌། རཏ་གླིང་གཏེར་བྱོན་ཚེས་བཅུའི་བསྐུལ་བྱང་ལས། ང་ཉིད་སྲིན་ཡུལ་འགྲོ་བའི་ཚེ༔
བོད་ཀྱི་རྒྱལ་བློན་སྔགས་སློབ་ལ༔
བྱུང་ངོ་ཅོག་གི་ཚེ་བཅུ་ལ༔
ང་ཉིད་འབྱོན་པའི་དབུ་སྙུང་བཞེས༔
པདྨ་འབྱུང་གནས་གཞན་མི་བསླུ༔
ཐེ་ཚོམ་སྤོངས་ཤིག་རྗེས་འཇུག་རྣམས༔
ཞེས་དང༌། གཞན་ཡང༌།
ནངས་རེ་དགོང་རེ་བོད་ཀྱི་དོན་ལ་བྱོན༔
ཉི་ཟེར་འཆར་སྡུད་མདངས་ལ་བཅིབས་ཏེ་བྱོན༔
ཡར་ངོ་ཚེས་བཅུའི་དུས་སུ་དངོས་སུ་བྱོན༔
ཅེས་ཞལ་གྱིས་བཞེས་ཤིང༌།གཏེར་སྟོན་མགོན་པོ་རིན་ཆེན་སོགས་ཀྱི་གཏེར་ཁ་ནས་བྱོན་པའི་ཚེས་བཅུའི་ཕན་ཡོན་གྱི་གཞུང་རྣམས་སུ། སྤྲེལ་ཟླའི་ཚེས་བཅུར་ལྷོ་ནུབ་འོ་མ་ཅན་མཚོར་ངོ་མཚར་པདྨའི་སྡོང་པོ་ལས་སྐུ་འཁྲུངས་ཏེ་མཚན་པདྨ་འབྱུང་གནས་སུ་གྲགས་པའི་དུས་ཆེན་ཏེ། དེར་མ་ཟད་ཕྱིས་སྲིན་པོ་འདུལ་དུ་བྱོན་པའི་དུས་ཆེན་ཀྱང་ཡིན་པས། འདི་ཉིད་ཀྱི་དུས་མཆོད་བཟུང་ན་དད་ལྡན་མི་རེའི་མདུན་ན་སྤྲུལ་པ་རེ་བྱོན་པས། གནས་སྐབས་ནད་གདོན་སྡུག་བསྔལ་ཐམས་ཅད་སེལ་ཞིང༌། མཐར་ཐུག་སྐལ་བཟང་གི་སངས་རྒྱས་སྟོང་མཆོད་པའི་བསོད་ནམས་འབྱུང་བ་དང༌། མྱུར་དུ་ཕྱག་རྒྱ་ཆེན་པོའི་རིག་འཛིན་འཐོབ་པར་གསུང༌། དེ་བཞིན་དུ་བྱ་ཟླའི་ཚེས་བཅུར་མཐའ་འཁོབ་མུ་སྟེགས་ཟངས་གླིང་རྒྱལ་པོས་སློབ་དཔོན་ཉིད་ཟངས་ཁ་སྦྱར་དུ་བཅུག་སྟེ་གངྒཱའི་ཆུར་འཕངས་པས་མ་ཚུགས་ཏེ་ཆུའི་སྟེང་རྫུ་འཕྲུལ་གྱི་བྲོ་གར་མཛད་པས་མཚན་གུ་རུ་མཁའ་ལྡིང་རྩལ་དུ་གྲགས་པའི་དུས་མཆོད་འདི་བཟུང་ན།དད་ལྡན་གང་དག་ལུས་བདེ། ངག་ནུས་ཆེ། སེམས་ལ་བདེ་གསལ་མི་རྟོག་པའི་ཏིང་འཛིན་སྐྱེ། དབང་གི་ཕྲིན་ལས་འགྲུབ། བླ་མ་དང་ཡི་དམ་ལྷ་ཡིས་འབྲལ་མེད་དུ་སྐྱོབ། ཁྱི་ཟླའི་ཚེས་བཅུར་སློབ་དཔོན་ལ་མུ་སྟེགས་རྣམས་ཀྱིས་ཟས་དུག་ཅན་དང༌། མཐོང་དུག་རེ་དུག་སོགས་ཀྱིས་མཐོ་འཚམ་{བརྩམ}པས་མ་ཚུགས་པར་སླར་ཡང་མཚན་དཔེའི་གཟི་བྱིན་འབར་བས་མཚན་མཚོ་སྐྱེས་རྡོ་རྗེར་གྲགས་པའི་དུས་མཆོད་འདི་བཟུང་བས་ཚེ་རབས་མང་པོའི་སྡིག་སྒྲིབ་བྱང་ཞིང༌། བདུན་ཟུར་བཞི་གཤེད་དགུ་དུར་ཀེག་སྲི་མི་ཁ་ངན་པ་ལས་ཐར་ཞིང༌། ཆོས་མཐུན་གྱི་བསམ་དགུ་འགྲུབ་པ་དང༌། ཡིད་ཀྱི་སྡིག་སྒྲིབ་དག ཕག་ཟླའི་ཚེས་བཅུར་སློབ་དཔོན་ཆེན་པོས་བལ་ཡུལ་དུ་བསེ་མོ་བཞི་སོགས་ལྷ་འདྲེ་ཐམས་ཅད་དམ་ལ་བཏགས་པའི་མཚན་པདྨ་བཛྲ་དུ་གྲགས་པའི་དུས་མཆོད་བཟུང་ན་གནས་སྐབས་གཤིན་རྗེའི་འཁོར་ལོ། མ་མོའི་ཡམས་ནད། འབྱུང་པོའི་འཚེ་བ། བྱད་ཕུར་རྦོད་གཏོང༌། ལྟས་ངན་ཡེ་འདྲོགས་ཐམས་ཅད་ཞི་ཞིང༌། མཐར་ཐུག་རྣམ་སྨིན་རིག་འཛིན་འཐོབ། བྱི་ཟླའི་ཚེས་བཅུར་བོད་ཡུལ་དབུས་སུ་བྱོན་ནས་ལྷ་སྲིན་དམ་ལ་བཏགས་སངས་རྒྱས་བསྟན་པའི་གཞི་བཙུགས་པའི་མཚན་པདྨ་འབྱུང་གནས་སུ་གྲགས་པའི་དུས་མཆོད་འདི་བཟུང་བས། བསྐལ་པ་གཅིག་ཏུ་སགས་པའི་དམ་ཚིག་དང་སྡོམ་པ་ཉམས་པ་ལ་སོགས་པའི་སྡིག་པ་དག་ཅིང༌། མངོན་སྤྱོད་ཀྱི་ཕྲིན་ལས་འགྲུབ། གླང་ཟླའི་ཚེས་བཅུར་བོད་ཡུལ་དུ་གཏེར་ཁ་བྱེ་བ་ས་ཡ་སྦས་ཏེ་མཚན་རྡོ་རྗེ་གྲོ་ལོད་དུ་གྲགས་པའི་དུས་མཆོད་འདི་བཟུང་ན་སྒྲིབ་པ་གཉིས་དག་གནས་སྐབས་བདེ་སྐྱིད་ཕུན་སུམ་ཚོགས། མཐར་ཐུགས་སངས་རྒྱས་འབུམ་ཕྲག་མཆོད་པའི་བསོད་ནམས་འཐོབ། པདྨར་སྐྱེས་ནས་སློབ་དཔོན་ཆེན་པོས་རྗེས་སུ་བཟུང་སྟེ་མཁའ་འགྲོའི་ཚོགས་དཔོན་དུ་འགྱུར་ཞིང་འགྲོ་བའི་དོན་དཔག་མེད་འགྲུབ། སྟག་ཟླའི་ཚེས་བཅུར་ཨོ་རྒྱན་གྱི་རྒྱལ་སྲིད་བཟུང་བའི་མཚན་པདྨ་རྒྱལ་པོར་གྲགས་པའི་དུས་མཆོད་འདི་བཟུང་བས། གནས་སྐབས་ནད་རིགས་ཀྱིས་མི་ཚུགས་ཤིང༌། གལ་སྲིད་ནད་བྱུང་ཡང་མྱུར་དུ་གྲོལ་ཞིང་ལུས་སེམས་བདེ་བ་རྙེད་པ་དང༌། ཤེས་རབ་ཀྱི་རྩལ་རྫོགས། ཕས་ཀྱི་རྒོལ་བ་ཞི། གུ་རུ་ཉིད་ཀྱིས་བུ་ལྟར་དུ་ཐུགས་རྗེས་སྐྱོང༌། མཐར་ཐུག་ལྷུན་གྲུབ་རིག་འཛིན་གྱི་གོ་འཕང་འཐོབ། ཡོས་ཟླའི་ཚེས་བཅུར་ཨོ་རྒྱན་གྱི་རྒྱལ་སྲིད་སྤངས་ཏེ་བརྟུལ་ཞུགས་ཀྱི་སྤྱོད་པ་བསྐྱང་བའི་མཚན་པདྨ་ཐོད་ཕྲེང་དུ་གྲགས་པའི་དུས་མཆོད་འདི་བཟུང་བས་ལོངས་སྤྱོད་འཕེལ་ཞིང༌། ཡུལ་ལྷས་སྡོང་གྲོགས་བྱེད། ཡུལ་ཁམས་ཀྱི་ནད་མུག་མཚོན་འཁྲུགས་ཞི། ལོ་ཕྱུགས་ལེགས། ཞི་བའི་ཕྲིན་ལས་འགྲུབ། འབྲུག་ཟླའི་ཚེས་བཅུར་སློབ་དཔོན་པྲ་བྷ་ཧ་སྟིའི་དྲུང་དུ་རབ་ཏུ་བྱུང་བའི་མཚན་ཤཱཀྱ་སེང་གེ་གསོལ་བའི་དུས་མཆོད་འདི་བཟུང་བས་བཞི་བརྒྱ་རྩ་བཞིའི་ནད་ཞི། སྡེ་བརྒྱད་འབྱུང་པོའི་གནོད་པས་མི་ཚུགས། ལུས་ཀྱི་སྡིག་པ་འདག བདེ་སྐྱིད་དང་སྙན་གྲགས་འཕེལ། སྦྲུལ་ཟླའི་ཚེས་བཅུར་ཟ་ཧོར་རྒྱལ་པོས་གསོན་སྲེག་ཞུས་པས་མེ་དཔུང་མཚོར་བསྒྱུར་ཡུལ་ཁམས་ཆོས་ལ་བཀོད་པའི་མཚན་ཤཱཀྱ་འོད་དུ་གྲགས་པའི་དུས་མཆོད་འདི་བཟུང་བས་གནས་སྐབས་ནང་འཁོར་སྙིང་ཉེ། ཕྱི་ཡི་འཁོར་འདུ། མི་ནོར་བུ་དཔལ་འཛོམས། ཀུན་གྱིས་བཀུར་ཞིང་བཀྲ་ཤིས། བསམ་པ་འགྲུབ། མཐར་ཐུག་ཚེ་དབང་རིག་འཛིན་འཐོབ། རྟ་ཟླའི་ཚེས་བཅུར་ཨོ་རྒྱན་རྒྱལ་པོས་མེ་བསྲེགས་པས་མ་ཚུགས་ཏེ། རྫུ་འཕྲུལ་གྱི་བཀོད་པས་ཨོ་རྒྱན་རྒྱལ་ཁམས་ཆོས་ལ་བཀོད་པའི་མཚན་ཨོ་རྒྱན་གུ་རུ་རྡོ་རྗེར་གྲགས་པའི་དུས་མཆོད་འདི་བཟུང་ན། ཕྱོགས་ངན་བདུད་གཅོད་སོགས་སྤར་སྨེ་གཟའ་སྐར་ལོ་ཟླ་ཞག་དུས་ཀྱི་ཉེས་པ་དང་ལྷ་འདྲེས་མི་ཚུགས་ཤིང༌། རྒྱས་པའི་ལས་འགྲུབ། ལྷ་སྲུང་གིས་མགོན་སྐྱབས་བགྱིད། ལུག་ཟླའི་ཚེས་བཅུར་མུ་སྟེགས་སྟོན་པ་ལྔ་བརྒྱའི་རྩོད་པ་བཟློག་ཅིང་ངན་སྔགས་བདག་པོ་གནམ་ལྕགས་ཐོག་གིས་བསྒྲལ། འགྲོ་བ་མང་པོ་སངས་རྒྱས་ཀྱི་ས་ལ་བཀོད་པའི་མཚན་སེང་གེ་སྒྲ་སྒྲོགས་སུ་གྲགས་པའི་དུས་མཆོད་འདི་བཟུང་ནས་སངས་རྒྱས་སྟོང་ལ་མཆོད་པ་ཕུལ་བ་དང༌། སྟོང་གསུམ་གྱི་འགྲོ་བ་ཟས་གོས་ལོངས་སྤྱཽད་བྱིན་པའི་ཕན་ཡོན་དང་མཚུངས། ངག་གི་སྒྲིབ་པ་དག་སོགས་ཕན་ཡོན་མཐའ་ཡས་རྣམས་རྡོ་རྗེའི་ལུང་གིས་བསྟན་པ་ལྟར་ཡིན།དེ་དག་གི་ནང་ནས་ཀྱང་སྤྲེལ་ལོ་སྤྲེལ་ཟླ་དང་ཁྱད་པར་སྤྲེལ་ཟླའི་ཚེས་བཅུ་གཙོ་བོར་གསུངས་ཏེ། གསང་འདུས་ཐེམ་མེད་ཞལ་གདམས་ལས།
དབང་ཆེན་སྤྲེལ་ཟླའི་ཚེས་བཅུ་དང༌། །
དུས་ཀྱི་ཚེས་བཅུ་ཐམས་ཅད་ལས། །
སྤྲུལ་པ་འཛམ་གླིང་ཁྱབ་པར་འགྱེད། །
མཆོག་ཐུན་དངོས་གྲུབ་ང་ཡིས་སྟེར། །
མི་ཚེ་བླ་མ་སྒྲུབ་པ་ལ། །
བསྐྱལ་ན་ཚེ་ཡི་དུས་བྱེད་ཚེ། །
ཨོ་རྒྱན་ང་ཡི་ཐུགས་ཀར་ཐིམ། །ཞེས་དང༌། པད་གླིང་གཏེར་བྱོན་ཚེས་བཅུའི་ཕན་ཡོན་ལས།
དུས་ཀྱི་རྒྱལ་པོ་ཚེས་བཅུ་ཐམས་ཅད་ལ༔
དབང་ཁྲིད་ལ་སོགས་དཀར་པོ་དགེ་བའི་ལས༔
བྱས་ན་ཡོན་ཏན་ཁྲི་དང་འབུམ་དུ་འགྱུར༔
འཆུགས་མེད་སྤྲེལ་ལོ་སྤྲེལ་ཟླའི་ཚེས་བཅུ་ལ༔
པདྨ་ང་ཉིད་འབྱོན་པའི་ཚེས་གྲངས་ཡིན༔
འདི་ལ་ཆོས་བཅུ་བྱས་པའི་ཕན་ཡོན་ལྷག་པར་ཆེ༔
ཞེས་གསུངས། སྤྲེལ་ཟླའི་ངོས་འཛིན་ཀྱང༌། ཕུག་ལུགས་རྗེས་འབྲང་དབུས་གཙང་མཁས་པ་ཡོངས་ལ་གྲགས་ཤིང་གྲུབ་པ་ནི་ཧོར་ཟླ་ལྔ་པ་སྣོན་གྱི་ཟླ་བ་འདི་ཉིད་ཡིན་པས། འགྲན་ཟླ་དང་བྲལ་བའི་མཁས་གྲུབ་ཆེན་པོ་ཆོས་རྒྱལ་གཏེར་བདག་གླིང་པ་ཡབ་སྲས་སོགས་ཚད་མར་གྱུར་པའི་སྐྱེས་ཆེན་ཁྱད་པར་དུ་འཕགས་པ་རྣམས་ཀྱིས་ཚེས་བཅུའི་དུས་མཆོད་ཟླ་ཁོངས་འདིར་མཛད་པ་བཞིན། སྐྱབས་རྗེ་གོང་མ་རིམ་བྱོན་རྣམས་ཀྱི་ཐུགས་བསྐྱེད་རྨད་དུ་བྱུང་བའི་རྒྱུ་ལས། ཆོས་གྲྭ་ཆེན་པོ་འདི་ཡང༌། རིག་འཛིན་བརྒྱུད་པའི་ཕྱག་སྲོལ་རྨ་མེད་པའི་མཐོང་བརྒྱུད་སྔོན་ནས་ད་བར་གཏན་འཇགས་སུ་གྱུར་པས། འཆམ་དབྱངས་རོལ། བཅའ་འབུད་བརྡུང་དཀྲོལ། འགྲིགས་ལམ་ཀུན་སྤྱོད་གང་ཅིའི་ཐད་གཞན་ལ་འགྲམ་ཆུ་ལྡང་མི་དགོས་པར། མིས་སྨོན་རང་སྐྱིད། ཡ་དཔེ་ཞྭ་ཡི་དཔེ་ལྟར་ཡོད་བཞིན་ལ། གསར་དུ་ཞུ་མ་དགོས་ཀྱང༌། མཆེད་གསར་རྣམས་ཀྱི་ཐུགས་ལ་གསལ་འདེབས་ཙམ་དུ་ཅུང་ཟད་ཞུ་ན། འོག་མིན་གཉིས་པ་ཨོ་རྒྱན་སྨིན་གྲོལ་གླིང་ནས་གནང་བའི་བཅའ་ཡིག་ཆེན་མོ་སོགས་བཅའ་ཡིག་སྔ་མ་རྣམས་ཀྱི་དགོངས་དོན་ལྟར། དབུ་ཞྭ། ན་བཟའ། རྡོར་དྲིལ། འདོན་པ་བློ་རྒྱུགས་སོགས་སྒྲིགས་{འགྲིགས་}ཁྲིམས་ཚང་མ་གཞིར་བཞག་ཐོག་ཆང་དང་ཀུན་དོང་ཐ་མ་ཀ་སོགས་སྨད་འོས་ཀྱི་རིགས་རྣམས་དུག་བཞིན་དུ་སྤངས་ཤིང༌། ཆབ་ལེན་ལྷྭམ་ཕུད་སོགས་དམ་པའི་ཆོས་འདུལ་བ་ནས་ཇི་སྐད་གསུངས་པའི་སྤྱོད་ལམ་རྣམ་བཞི་གང་ལའང་ཉེས་ལྟུང་གི་དྲི་མས་མ་སྦགས་པར་དད་ལྡན་དང་བ་འདྲེན་གནས་སུ་མཛད་དགོས་ཤིང༌། ཁྱད་པར་དབྱངས་རོལ་གར་འཆམ་སོགས་སྤྲོས་བཅས་ཀྱི་ཕྱག་ལེན་འདི་རྣམས་ནི་རང་བཞིན་གྱིས་མཚར་འདོད་ལྟ་བུས་མ་ཡིན་ཏེ། བཅོམ་ལྡན་འདས་ཀྱིས་ཁྱིམ་བདག་མ་དད་པ་རྣམས་དད་པར་བྱ་བ་དང་དཀོན་མཆོག་གསུམ་མཆོད་པའི་དོན་དུ་དབྱངས་ཀྱི་ང་རོ་བྱ་བར་འདུལ་བ་ལས་ཀྱང་རྗེས་སུ་གནང་ཞིང༌། སྔགས་ཀྱི་སྐབས་སུ།
ཆེན་པོ་དྲུག་ལ་མ་གྱེར་ན། །
ཡོ་ག་དབྱངས་ཀྱི་བསྟན་པ་ནུབ། །
ཅེས་གསུང་ཤིང༌། ཆེན་པོ་དྲུག་ནི།
སྒྲུབ་མཆོད་དབང་བསྐུར་རབ་ཏུ་གནས། །
དུས་མཆོད་གཞན་དོན་སྦྱིན་སྲེག་རྒྱས། །
ཞེས་དབྱངས་བྱ་བའི་དུས་དང༌། དབྱངས་རང་གི་ངོ་བོ་ང་རོ་བཞི་ཡན་ལག་བཅུ་གཉིས། སྤེལ་མའི་སྦྱོར་བ་མཐའ་ཡས་པ་དང༌། དབྱངས་བཏང་ཚུལ་ཚོགས་སུ་སེང་གེའི་ང་རོ་ལྟ་བུ་ལ་སོགས་པའི་ལེན་ཚུལ་བཅུ་གཉིས་སོགས་དབྱངས་ཀྱི་ངེས་པ་མང་དུ་གསུངས་ནའང༌། ཡེང་བ་སོགས་བློ་ཡི་སྐྱོན། ཟུར་མ་ཕྱིན་པ་སོགས་ཚིག་གི་སྐྱོན། འཕེལ་འགྲིབ་སོགས་གདངས་ཀྱི་སྐྱོན། ཡ་ཡོ་སོགས་ལུས་ཀྱི་སྐྱོན། མི་འགྲིགས་པ་གྲོགས་ཀྱི་སྐྱོན། སྨྲ་དགོད་སོགས་ཉན་པ་པོའི་སྐྱོན་ཏེ་སྐྱོན་དྲུག་སོགས་དང་བྲལ་བ་དང༌། ཡོན་ཏན་གྱི་ཁྱད་པར།
རིང་ཡང་མགོ་ལུས་འཚམ་པ་དང༌། །
ཐུང་ཡང་ལན་ལག་རྫོགས་པའོ། །
བརྗིད་དང་ལྡན་ཡང་སྒེག་ཆགས་པ། །
སྙན་ཡང་རུས་པ་མ་ཤོར་དང༌། །
གྱོང་ཡང་སྐབས་སུ་ཁུག་པ་དང༌། །
དིག་ཀྱང་ཚིག་གི་གོ་གསལ་དང༌། །
མགྲིན་པ་མང་ཡང་སྐད་ཅིག་དང༌། །
སྐད་གཅིག་ང་རོ་དུ་མས་བརྒྱན། །
མདོར་ན་བླུན་པོ་ཡིད་འཛིན་ཅིང༌། །
མཁས་པ་དགྱེས་པ་བསྐྱེད་པའོ། །
ཡོན་ཏན་མཆོད་འོས་ཐམས་ཅད་མཉེས། །
ཡ་རབས་དང་འདྲེན་དམན་པ་མགུ། །
ཟིལ་ཆགས་མང་པོའི་དབུས་ན་བརྗིད། །
མཁས་པའི་ཡིད་འཕྲོག་ཀུན་གྱིས་བསྔགས། །
དགྲ་བགེགས་འབྱེར་ཞིང་དངོས་གྲུབ་འདུ། །
འདི་ལས་བདེན་འབྲས་འབྱུང་བར་ངེས། །
ཞེས་གསུངས་པའི་མཚན་ཉིད་དང་ལྡན་པར་སྔོན་གྱི་སློབ་དཔོན་མཁས་པའི་ཁྲིད་རྒྱུན་ལས་ཇི་ལྟར་འབྱུང་བ་ལྟར་ཚངས་པའི་དབྱངས་ལྡན་བྱང་འདྲེན་མཁས་ཆེན་རྣམས་ལ་ཀུན་གྱིས་འཁྲི་དགོས་ཤིང༌། རོལ་མོ་བརྡུང་ཚུལ་ཡང༌།
སྤྱིར་གྱི་རོལ་མོ་གང་དཀྲོལ་ཡང༌། །
དམ་དུ་བཏུང་བར་མི་བྱ་ཞིང༌། །
བྲང་ལག་མི་སྦྱོར་མན་ངག་ཡིན། །
དབྱུག་པ་ལྟ་བུར་མི་ཕྱར་ཞིང༌། །
ཀ་བ་ལྟ་བུར་བསྲང་མི་བྱ། །
ཞེས་དང༌། དཔུང་པ་ལག་དར་ཚིགས་ནས་ལྷོད། །
ལག་པའི་མཐིལ་ནས་འཕྲུལ་ཆགས་ཆོད། །
རང་ལྗིད་ཁོ་ནས་སྒྲ་བསྐུལ་གྱིས། །
འདབ་མའི་རྩེ་མོ་རྩལ་གྱིས་མིན། །
ཞེས་སོགས་སྤང་བླང་དང༌། འཇབ་འཕར་འུར་དིར་{དིང}སྙན་རྩུབ་དང༌། ཕྲ་སྦོམ་དྭངས་འཁྲོལ་ལ་སོགས་པའི། །
སྒྲ་ཐབས་རྣམ་དབྱེ་རྟོགས་པར་བྱོས། །
ཞེས་སྐབས་དང་བསྟུན་པའི་སྒྲ་ཐབས་ཀྱི་རྣམ་དབྱེ་ལ་མཁས་པས་འདྲ་དཔེ་བཅུ་གཉིས་ཀྱི་སྒོ་ནས་རྔ་སྒོ་དང་སྦྱར་དགོས་པར་གསུངས་ཤིང༌། རྔ་རྡུང་ཚུལ་ཡང༌།
རྒྱ་མཚོ་ཆེན་པོའི་ཀློང་མི་དཀྲུགས། །
རི་རབ་གླིང་བཞི་མཐའ་མི་སྐོར། །
རི་ཐང་མཚམས་ཀྱི་བྲག་མི་བཤིག །
རི་དྭགས་རྒྱལ་པོའི་གདོང་མི་བསྣུན། །
ཞེས་དང༌།
ཚུལ་བརྒྱད་འོག་ངོས་མཁྱིད་གང་བོར། །
རྔ་གཡོག་རང་ལྗིད་ཉིད་ཀྱིས་ནི། །
བསྐུལ་མ་ཐག་ཏུ་སོ་སོར་ཕྲལ། །
གྲལ་ལ་བསྒྲིགས་ཏེ་བརྡུང་བ་ན། །
ཕན་ཚུན་གཅིག་གིས་གཅིག་ནོན་ཙམ། །
ནོར་བུ་བསྟར་ལ་བརྒྱུས་པ་ལྟར། །
མཐོ་དམན་འབུར་ཁྱོད་སྤང་བར་བྱ། །
སྙོམས་ཤིང་མཛེས་པར་བསྟར་ལ་བསྒྲིགས། །
ཞེས་དང༌། ཞི་བའི་རྔ་བརྡུང་བྱེད་པ་ན། །
རྔ་ཐབས་དལ་ལ་ལྷཽད་པས་བརྡུང༌། །
རྒྱས་པའི་རྔ་བརྡུང་བྱེད་པ་ན། །
རྔ་ཐབས་གསལ་ལ་འཁྲོལ་བར་བརྡུང༌། །
དབང་གི་རྔ་བརྡུང་བྱེད་པ་ན། །
རྔ་ཐབས་སྙན་ལ་འཇེབས་པར་བརྡུང༌། །
དྲག་པོའི་རྔ་བརྡུང་བྱེད་པ་ན། །
རྔ་ཐབས་དྲག་ལ་མྱུར་བར་བརྡུང༌། །
དྲག་བརྡུང་རྒྱུན་ཆགས་བྱེད་པ་ན། །
གནམ་ལྕགས་ལྟར་ཡང་དབབ་པར་བྱ། །
ཞེས་སོ་སོའི་ཉམས་སོགས་རྒྱས་པར་བཤད་པ་ལྟར་མདོར་ན་ཟུར་གསུམ་སྤྲད། ལྷཽད་གསུམ་དང་ལྡན་པའི་ངོས་ཤད་སོགས་མཐོང་བརྒྱུད་ལྟར་རིམ་པར་རྔ་དཔོན་ལ་འཁྲི་དགོས་ཤིང༌། འཆམ་ནི་གསར་སྙིང་གི་རྒྱུད་སྡེ་ཆེན་པོ་རྣམས་ལས་བཤད་ཅིང་དགོན་གནས་ཐམས་ཅད་ལ་ཇི་སྙེད་ཡོད་པ་ཀུན་སྤྱིར་གར་གྱི་ཉམས་དགུའི་རྣམ་པ་དང་ལྡན་ཞིང༌། ཁྱད་པར།
ལུས་ཀྱི་སྟོད་ལ་སེང་ཆགས་དང༌། །
སྐེད་པ་ལ་ནི་འཁྲིལ་ཆགས་དང༌། །
ཚིག་བཞི་ལ་ནི་འཕྲུལ་ཆགས་དང༌། །
བཞག་ཤ་ལ་ནི་ལྷོད་ཆགས་དང༌། །
ཤ་འགྱུར་ལ་ནི་མེར་ཆགས་དང༌། །
རྣམ་འགྱུར་ལ་ནི་འགྱིང་ཆགས་དང༌། །
སྤྱོད་པ་ལ་ནི་དལ་ཆགས་དང༌། །
སྒྱིད་པ་ལ་ནི་ལྡེམ་ཆགས་དང༌། །
རྐང་མགོ་ལ་ནི་བདེ་ཆགས་དང༌། །
ཀུན་ཏུ་དཔའ་ཞིང་བརྗིད་ཆགས་པའོ། །
ཞེས་དང༌།
འཇིགས་ཤིང་རྔམས་པའི་གར་དག་ལ། །
ཧ་ཅང་གསོར་ན་སྐྱོན་ཡིན་ནོ། །
འགྱིང་ཞིང་གཉེན་པའི་གར་རྣམས་ལ། །
ཧ་ཅང་བཅོས་ཆུང་སྐྱོན་ཡིན་ནོ། །
འཁྱུག་ཅིང་བདེ་བའི་གར་རྣམས་ལ། །
ཧ་ཅང་རྟབ་རྟོབ་སྐྱོན་ཡིན་ནོ། །
དལ་ཞིང་ལྷོད་པའི་གར་རྣམས་ལ། །
ཧ་ཅང་སྒྱིད་ལུག་སྐྱོན་ཡིན་ནོ། །
སྒེག་ཅིང་ཆགས་པའི་གར་རྣམ་ལ། །
ཧ་ཅང་བསྒྱུར་ན་སྐྱོན་ཡིན་ནོ། །
ཞེས་དང༌། གཞན་ཡང་སྤང་བླང་ནི་བྱེ་བྲག་སྤྱིའི་གདམས་པ་བཅས་ཞིབ་པར་བསྟན་པ་རྣམས་ཤེས་དགོས་ཤིང༌། བྱེ་བྲག་རང་རང་གི་ལུགས་སྲོལ་འཁྲུལ་མེད་རྩ་བའི་ཁུངས་གང་ཡིན་ལ་མཁས་པར་བསླབ་དགོས་པས། སྐབས་འདིར་ནི། སྤྲུལ་པའི་གཏེར་ཆེན་གུ་རུ་ཆོས་ཀྱི་དབང་ཕྱུག་དག་པའི་སྣང་བར་ཟངས་མདོག་དཔལ་རིར་སློབ་དཔོན་ཆེན་པོའི་སྤྱན་སྔར་བྱོན་པའི་ཚེ་ཇི་ལྟར་མཇལ་ཞིང་རྗེས་སུ་གདམས་པ་སྩལ་པའི་དོན་མ་ནོར་གཏན་ལ་ཕབ་པའི་རྒྱུན། ཆོས་ཀྱི་རྒྱལ་པོ་སྨིན་པ་ཡབ་སྲས་བརྒྱུད་པའི་ཕྱག་བཞེས་རྨ་མེད་སྤྲོས་བཅས་ཚེས་བཅུའི་གར་འཆམ་ཞེས་ཡོངས་སུ་གྲགས་པ་སྟེ། ཐ་ན་དུད་འགྲོ་ཡན་ཆོད་གང་གིས་མཐོང་ཚད་སློབ་དཔོན་ཆེན་པོའི་གདུལ་བྱར་འགྱུར་བའི་ཕན་ཡོན་དང་ལྡན་པར་རྗེས་སུ་བསྔགས་པ་ཡིན་པས་གང་བྱུང་སླ་ཆོས་དང་དེས་ཆོག་གི་དབང་དུ་མི་གཏོང་བར་སློབ་དཔོན་མཁས་པ་ལས་སྦྱང་བརྩོན་གནད་ཁེལ་ངེས། འཆམ་དངོས་གཞིའི་སྐབས་ཀྱང་འཆམ་དཔོན་སོགས་ལ་ཚུལ་བཞིན་འཁྲི་ཞིང་ལུས་ཉམས་སོགས་དང་བྲེལ་གང་གི་སྐབས་ཀྱང་རང་ཚུགས་མ་ཤོར་བ་གལ་ཆེ་ཞིང༌། དེ་བཞིན་དུ་དུང་རྒྱགས་སོགས་འབུད་ཀྱི་རིག་གཞན་རྣམས་ཀྱང་མཐོང་བ་བརྒྱུད་པའི་ཕྱག་བཞེས་ཕན་ཡོན་དང་དགོས་ཆེད་དུ་མས་ཁྱད་པར་དུ་བྱས་པ་ཡིན་པས་འབུད་ཚིག་སོགས་རང་ལུགས་རྐང་ཐོན་ཁོ་ན་ལས། ཨ་ གསར་ཀླད་ཡང་གིས་འདི་བས་འདི་ལེགས་སོགས་བཅོས་བསྒྱུར་བྱས་ན། རང་ལུགས་ཀྱི་རྐང་མ་ཟིན། གཞན་ལུགས་ཀྱི་ཟླ་མ་སྙོགས། བསྟན་པའི་བླ་འཚོང་དང་རྐང་འདྲེན་གྱི་རྒྱུར་འགྱུར་བས་ཀུན་གྱིས་ཐུགས་ཁུར་ཆེ་བཞེས་ཀྱི་སྔོན་སྲོལ་མ་ཉམས་གོང་འཕེལ་ཉམས་པ་སོར་ཆུད་ཀྱིས་བསྟན་པའི་མིག་རྐྱེན་དང་ཞབས་ཏོག་ཏུ་གང་འགྲོ་མཛད་གལ་ཆེ་ཞིང༌། ན་བཟའ་སྐུ་ཆས་གཟབ་འཆོར་སོགས་ཀྱང་གནའ་ནས་གནང་སྲོལ་ཡོད་བཞིན་འདི་སྒེག་ཆོས་དང་སྣང་ཤས་ཀྱིས་མ་ཡིན་པས་དཀོན་མཆོག་མཆོད་པའི་ཡོ་བྱད་དུ་ལེགས་པར་བསྟར་ན། གཞན་དང་བ་འདྲེན་ཞིང༌། རང་གི་བསོད་ནམས་ཀྱི་ཚོགས་རྫོགས་རང་ལུས་ཕུང་ཁམས་སྐྱེ་མཆེད་གདོད་ནས་གདན་གསུམ་ཡོངས་རྫོགས་ལྷའི་འཁོར་ལོ་གནས་པ་ལ་ལྷ་ལ་ལྷ་རོལ་བའམ། ཆོས་ཉིད་ལ་ཆོས་ཉིད་རོལ་བའི་ཚུལ་གྱིས་ཞེན་པ་མེད་པར་ལོངས་སྤྱོད་པས་གསང་སྔགས་རྡོ་རྗེ་ཐེག་པའི་ཉེ་རྒྱུའི་སྤྱོད་པ་བླ་ན་མེད་པར་འགྱུར་བ་ཡིན་པས་ཀུན་གྱིས་དེ་བཞིན་དུ་གནང་བ་དང༌། དེ་ལྟར་གནང་ན་དཀོན་མཆོག་ལ་དམིགས་པའི་ལས་ནི་ནམ་ཡང་བྱས་པ་ཆུད་མི་ཟ་ཞིང་འབྲས་བུ་རྒྱ་ཆེན་པོ་སྐྱེད་པ་ཡིན་ཏེ། སྔོན་བཅོམ་ལྡན་འདས་ལ་བཟང་སྡེ་དྲུག་ཅུས་རོལ་མོ་ཕུལ་བས་རྒྱུ་དེས་བསྐལ་པ་དྲུག་ཅུར་ངན་འགྲོ་ལོག་པར་མི་ལྟུང་ཞིང་མཐར་རང་སངས་རྒྱས་དབྱངས་སྙན་བྱ་བ་འབའ་ཞིག་ཏུ་འགྱུར་བར་གསུངས་སོགས་ལུང་མཐའ་ཡས་ཏེ། མདོར་ན། ཁང་བུ་བརྩེགས་པའི་མདོ་ལས། ཀུན་དགའ་བོ་སངས་རྒྱས་དང་ཆོས་དང་དགེ་འདུན་ལ་དགེ་བའི་རྩ་བ་བསྐྱེད་པ་གསུམ་པོ་འདི་ནི་འཁོར་བར་ཟད་པར་མི་འགྱུར་ཞིང་ཡོངས་སུ་གཏུགས་པར་མི་འགྱུར་ལ། ཟད་མི་ཤེས་པས་མྱ་ངན་ལས་འདས་པ་ཐོབ་པར་འགྱུར་བ་ཡིན་ནོ། །
ཞེས་གསུངས་ཤིང༌། ཁྱད་པར་དེང་སང་ལྟ་བུའི་དུས་ཀྱི་མཐའ་སངས་རྒྱས་ཀྱི་བསྟན་པ་འཇིག་ལ་ཉེ་བའི་སྐབས་འདིར་བསྟན་ལ་ལྷག་བསམ་གྱིས་ཞབས་ཏོག་སྲི་ཞུ་ཅུང་ཟད་རེ་འགྲུབ་ན་དོན་ཤིན་ཏུ་ཆེ་སྟེ། ཏིང་འཛིན་རྒྱལ་པོ་ལས།
བསྐལ་པ་བྱེ་བ་གངྒཱའི་བྱེ་སྙེད་དུ། །
དང་བའི་སེམས་ཀྱིས་ཟས་དང་སྐོམ་རྣམས་དང༌། །
གདུགས་དང་བ་དན་མར་མེའི་ཕྲེང་བ་ཡིས། །
སངས་རྒྱས་བྱེ་བ་ཁྲག་ཁྲིག་རིམ་གྲོ་བྱས། །
གང་ཞིག་དམ་ཆོས་རབ་ཏུ་འཇིག་པ་དང༌། །
བདེ་གཤེགས་བསྟན་པ་འགག་པར་འགྱུར་བའི་ཚེ། །
ཉིན་མཚན་དུ་ནི་བསླབ་པ་གཅིག་སྤྱོད་ན། །
བསོད་ནམས་འདི་ནི་དེ་བས་ཁྱད་པར་འཕགས། །
ཞེས་དང༌། བློ་གྲོས་རྒྱ་མཚོས་ཞུས་པའི་མདོ་ལས།
སངས་རྒྱས་སྤྱན་གྱིས་གཟིགས་པའི་ཞིང་མང་པོ། །
རིན་ཆེན་བཀང་སྟེ་དེ་བཞིན་གཤེགས་ལ་ཕུལ། །
ཟད་པའི་དུས་ན་ཇི་ལྟར་ཆོས་འཛིན་ལྟར། །
བསོད་ནམས་ཕུང་པོ་དེ་ཙམ་འཕེལ་མ་ཡིན། །
ཞེས་གསུངས་ཤིང༌། མདོ་འདུལ་སོགས་ཕར་ཕྱིན་གྱི་ཆོས་ལ་བརྩོན་པ་བས་ཀྱང་གསང་མཆོག་བླ་ན་མེད་པ་རྡོ་རྗེ་ཐེག་པའི་དཀྱིལ་འཁོར་ཟབ་མོ་འདི་ལྟ་བུ་ལ་འབྲེལ་བ་བཞག་ན་ཕན་ཡོན་དང་དགོས་པ་ཆེ་བར་གསུངས་ཏེ། སྤྱི་མདོ་ལས།
དབུ་མ་རྣམ་ཐར་གསུམ་སྒོར་དཀའ་སྤྱད་ཀྱང༌། །
དེ་ལ་རྒྱལ་བས་མི་དགོངས་བཀུར་མི་མཛད། །
སྙིང་པོའི་དོན་རིགས་སྐད་ཅིག་ཙམ་གྱིས་ཀྱང༌། །
བྱིན་རླབས་ཡོན་ཏན་རྒྱལ་བས་བཤད་མི་རྫོགས། །
དཀར་པོ་མཐར་ཐུག་བསོད་ནམས་ཀུན། །
སེན་མོའི་ཐོག་གི་ས་རྡུལ་འདྲ། །
རྡོ་རྗེ་སྙིང་པོར་གཅིག་བསྐྱེད་པས། །
ས་ཡི་དཀྱིལ་འཁོར་ཆེན་པོ་ཙམ། །
དཀར་པོའི་ཕྱོགས་ཀྱི་མཐར་ཐུག་པ། །
དེ་ནི་མུན་ཁང་སྒྲོན་མེ་ཙམ། །
རྡོ་རྗེ་སྙིང་པོ་གཅིག་རིག་པ། །
དུས་མཐའི་བསྐལ་པའི་མེ་ཆེན་འདྲ། །
ཞེས་སོགས་རྒྱ་ཆེར་གསུངས་པ་དང༌། རྣམ་སྣང་མངོན་བྱང་ལས་ཀྱང༌།
བསྐལ་པ་བྱེ་བ་དུ་མ་རུ། །
སྔོན་དུ་སྡིག་པ་བྱས་པ་གང༌། །
དཀྱིལ་འཁོར་འདི་འདྲ་མཐོང་མ་ཐག །
དེ་དག་ཟད་པར་འགྱུར་ཡིན་ན། །
གྲགས་པ་མཐའ་ཡས་སྔགས་སྤྱོད་པའི། །
ཚུལ་ལ་གནས་ན་སྨོས་ཅི་དགོས། །
སྐྱོབ་པའི་གསང་སྔགས་བཟླས་ན་ནི། །
གོ་འཕང་བླ་ན་མེད་པར་འགྱུར། །
ཞེས་དང༌། རྡོ་རྗེ་རྩེ་མོ་ལས།
སྔགས་རྣམས་ཀུན་གྱི་མཚན་ཉིད་ནི། །
སངས་རྒྱས་ཀུན་གྱི་ཐུགས་ཡིན་ཏེ། །
ཆོས་ཀྱི་སྙིང་པོ་སྒྲུབ་བྱེད་པས། །
ཆོས་ཀྱི་དབྱིངས་དང་ཡང་དག་ལྡན། །
ཞེས་གསུང་ཤིང། །
སྔགས་ཆོག་ཀུན་གྱི་ནང་ནས་ཀྱང་ལམ་ཟབ་མོ་བླ་མ་སྒྲུབ་པ་ནི་གཞན་ལས་ཁྱད་པར་དུ་འཕགས་ཏེ། ཀུན་ཏུ་ཁ་སྦྱོར་གྱི་རྒྱུད་ལས།
ཡེ་ཤེས་ཀུན་སེམས་ཞེས་བྱ་བའི། །
རྒྱལ་བ་ཀུན་གྱི་སློབ་དཔོན་མཆོག །
དངོས་གྲུབ་སྣ་ཚོགས་སྟེར་བས་ན། །
བློ་དང་ལྡན་པས་རྟག་མཆོད་བྱ། །
གང་ཕྱིར་ཕྱོགས་བཅུའི་སངས་རྒྱས་དང༌། །
བྱང་ཆུབ་སེམས་མཆོད་བསོད་ནམས་ལས། །
བླ་མའི་བ་སྤུའི་ཁུང་གཅིག་མཆོག །
དེ་ཕྱིར་སློབ་དཔོན་མཆོད་བྱེད་པ། །
སངས་རྒྱས་བྱང་ཆུབ་སེམས་དཔས་གཟིགས། །
ཞེས་དང༌། དགོངས་འདུས་ལས།
བསྐལ་པ་སྟོང་གི་སངས་རྒྱས་པས། །
བླ་མ་གཉན་པར་ཤེས་པར་བྱ། །
ཅི་ཕྱྀར་བསྐལ་པའི་སངས་རྒྱས་རྣམས། །
བླ་མ་དག་ལ་བརྟེན་ནས་འབྱུང༌། །
དེས་ན་སངས་རྒྱས་སྟོང་ཕྲག་ལས། །
བསྐལ་པ་སྟོང་དུ་མཆོད་བྱས་པས། །
བླ་མའི་བ་སྤུའི་ཁུང་རེ་ལ། །
ཙནྡན་ཐིགས་པ་གཅིག་བྱུགས་པའི། །
སྟོང་ཕྲག་ཆར་ཡང་ཕོད་པ་མིན། །
ཞེས་དང༌། གསང་འདུས་ལས།
དུས་གསུམ་སངས་རྒྱས་ཀུན་མཆོད་པས། །
བླ་མའི་བ་སྤུའི་ཁུང་རེ་ལ། །
མར་གྱི་ཐིགས་པ་གཅིག་བྱུགས་ན། །
དེ་ཡི་བསོད་ནམས་ཁྱད་པར་འཕགས། །
ཞེས་དང༌། འཁོར་ལོ་ཆུབ་པ་རོལ་པའི་རྒྱུད་ལས།
གང་གིས་བསྐལ་པ་བྱེ་བ་རུ། །
ལྷ་ཡི་སྐུ་ནི་བསྒོམས་པ་བས། །
མགོན་པོ་ཀུན་གྱི་དབང་ཕྱུག་ཆེ། །
བླ་མ་དྲན་པ་མཆོག་ཏུ་བཤད། །
ཅེས་དང༌། ཀུན་ཏུ་བཟང་པོ་ཆེ་བ་རང་ལ་གནས་པའི་རྒྱུད་ལས།
རྫོགས་པ་ཆེན་པོ་ཨ་ཏི་ལས། །
བྱུང་བའི་བླ་མ་དྲིན་ལྡན་ཉིད། །
སྙིང་གི་དཀྱིལ་ལམ་ལག་པའི་མཐིལ། །
སྤྱི་བོའི་གཙུག་ཏུ་གང་བསྒོམས་པ། །
སངས་རྒྱས་སྟོང་གི་ཡོན་ཏན་ཡང༌། །
གང་ཟག་དེ་ཡིས་འཛིན་པར་འགྱུར། །
ཞེས་དང༌། ཡིད་བཞིན་མཆོག་གི་རྒྱུད་ལས།
གང་གིས་བླ་མ་ལྷག་པའི་ལྷ། །
སྤྱི་བོའི་གཙུག་ཏུ་བསྒོམས་པ་ཡིས། །
སངས་རྒྱས་དཀྱིལ་འཁོར་སྟོང་ཕྲག་ཉིད། །
ལག་མཐིལ་བཞག་ནས་སྟོང་གསུམ་བསྐོར། །
སྙིང་ཁར་ལན་སྟོང་བསྟི་བྱས་པས། །
བརྒྱ་སྟོང་རྒྱུ་དང་ཆར་མི་ཕོད། །
ཅེས་དང༌། གཞན་ལས་ཀྱང༌།
མཆོད་པ་ཐམས་ཅད་ཡོངས་སྤངས་ནས། །
བླ་མ་མཆོད་ལ་ཡང་དག་བརྩོན། །
དེ་བརྙེས་པས་ནི་ཀུན་མཁྱེན་གྱི། །
ཡེ་ཤེས་མཆོག་དེ་ཐོབ་པར་འགྱུར། །
ཞེས་གསུངས་ཤིང༌། གུ་རུ་ཉིད་ཀྱི་རྡོ་རྗེའི་གསུང་ལས་ཀྱང༌།
ང་སྒྲུབ་སངས་རྒྱས་ཐམས་ཅད་སྒྲུབ། །
ང་འགྲུབ་སངས་རྒྱས་ཐམས་ཅད་འགྲུབ། །
ང་མཐོང་སངས་རྒྱས་ཐམས་ཅད་མཐོང༌། །
ང་ནི་བདེ་གཤེགས་འདུས་པ་ཡིན། །
ཞེས་གུ་རུ་རིན་པོ་ཆེ་ཉིད་སྒྲུབ་ཅིང་མཆོད་པས་སངས་རྒྱས་ཐམས་ཅད་སྒྲུབ་ཅིང་མཆོད་པར་འགྱུར་བར་གསུངས་ཤིང༌། སྒྲུབ་ཐབས་ཡང་ལུགས་སྲོལ་ཀུན་གྱི་རྩེ་མོར་གྱུར་པ་འདི་ཉིད་ཡིན་ཏེ། བླ་མའི་སྒྲུབ་ཐབས་མོས་གུས་ཆོས་མང་གིས། །
རང་དང་དབྱེར་མེད་སྒྲུབ་པ་འདི་ན་མཆིས། །
དེ་གང་ཞེ་ན་བླ་མ་གསང་འདུས་སྐོར། །
མཐར་ཐུག་ཡིན་ནོ་སྙིང་གི་དཀྱིལ་དུ་ཆོངས། །
ཞེས་དང༌། སྒྲུབ་ཐབས་གང་བྱེད་བསྐྱེད་རིམ་གྱི། །
བཅའ་གཞི་བཤམས་པའི་དུས་སུ་ཡང༌། །
ང་ཉིད་ཐེ་ཚོམ་མེད་པར་འབྱོན། །
ཞེས་དང༌། ཤ་མེད་འོད་ཀྱི་གཟུགས་ཅན་ནི། །
པདྨ་འབྱུང་གནས་སྐུ་རུ་སྒོམ། །
དེ་དུས་ཆེ་བའི་ང་རྒྱལ་སྐྱེད། །
སྲོག་གི་སྙིང་པོ་ཐོད་ཕྲེང་རྩལ། །
བྲག་ཁ་དག་ནས་ཆུ་འབབ་བཞིན། །
དྲག་པོ་བར་མཚམས་མེད་པར་སྒྲོངས། །
ང་ཉིད་རང་དབང་མེད་པར་འབྱོན། །
ཨོ་རྒྱན་པདྨ་ང་ཉིད་ལ། །
བློ་ནི་ཡང་ཡང་གཏད་པར་བྱ། །
ཞེས་སོགས་རྗེས་སུ་གདམས་པར་མཛད་པ་ལྟར་ཡིན་པས། འདི་ལྟ་བུའི་སྒྲུབ་པ་ཟབ་མོ་ལ་འབྲེལ་བ་ཐོབ་པ་ནི་མི་ལུས་དོན་དང་ལྡན་ཞིང་མཐར་ཐུག་པདྨ་འོད་ཀྱི་ཞིང་ཁམས་སུ་རིག་འཛིན་རྒྱ་མཚོའི་གྲལ་དུ་ངེས་པར་དབུགས་འབྱིན་པ་ལགས་ན་ཀུན་གྱིས་དགའ་བ་དང་སྤྲོ་བ་ཚད་མེད་པའི་ངང་ནས་བརྩོན་པ་ལྟ་བུ་བཞེས་པར་གསོལ་བ་འདེབས་པ་ལགས། ས་བོན་ཙམ་འདི་རིག་པའི་འཆར་གཞིར་བྲིས། །
རྩ་བ་འདི་ལས་སྤྲོས་པའི་ལེགས་བཤད་བརྒྱ། །
ཞིབ་མོར་སྤྲོས་ཏེ་བློ་དང་ལྡན་རྣམས་ཀྱི། །
རྣ་བའི་རྒྱན་དུ་ཅི་དགར་དཔྱང་མཛོད་ཀྱེ། །
འདི་ཡང་རྣམ་དཔྱོད་ཡངས་པའི་རྡོ་རྗེའི་མཆེད་ཀྱིས་བསྐུལ་ངོར་བི་ཛ་ཡས་༼ཞེ་ཆེན་རྒྱལ་ཚབ་འགྱུར་མེད་པདྨ་རྣམ་རྒྱལ༽གང་དྲན་ཤར་མར་བྲིས་པ་དགེ། །